R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༤༨༩
[A:༤༨༩]དང་འདོད་རྒྱལ་ནོར་བུ་གསལ་འབར་གྱི་ལུང་གསན་དེ་སྐབས་རྫོགས་ཆེན་གྱི་རྟོགས་པ་ཕུལ་བས་ངེད་རང་ལ་ཉམས་མྱོང་དགའ་མོ་ཡོད་པའི་ལུགས་ཡིན་ཀྱང་འདི་འདྲ་སྐྱེས་མ་མྱོང་གསུངས་པས་ཚོགས་པ་རྣམས་དད་ནས་གསུང་ཆོས་མང་དུ་ཞུས། ཉ་མགོ་གྲུ་ཁར་མཉན་པ་དུས་ལ་མ་འབྱོར་བས་ང་ཆུ་ལ་འདིང་བ་བཏིང་ནས་འགྲོ་གསུངས་པས་མདུན་གྱི་ནམ་མཁར་དཔལ་ཕག་མོ་གྲུབ་པ་བྱོན་ནས་སྙིགས་མའི་སེམས་ཅན་ཉོན་མོངས་ཅན་ལ་གསང་བའི་སྤྱོད་པ་མ་བྱེད་གསུང་བ་ཞིག་བྱུང་བས་གྲུ་ལ་ཕེབས། གདན་ས་ཐེལ་གྱི་གནས་རྣམས་ཞིབ་པར་མཇལ། འཇག་སྤྱིལ་སྐུ་འདྲ་རིན་པོ་ཆེ་ཕག་མོ་གྲུ་པ་དངོས་སུ་གཟིགས་སྤྱན་ནམ་མཁའི་མཐོངས་སུ་ཞལ་འཛུམ་མདངས་དང་བཅས་པས་ལྟ་སྟངས་སུ་བཞུགས་སོང་བ་བརྡ་སྟོན་ཁྱད་པར་ཅན་དུ་དགོངས། ཁམས་ལྕགས་མོ་བ་མཐུ་སྟོབས་ཀྱི་དབང་ཕྱུག་བཀྲ་ཤིས་སེང་གེ་ལ་གུར་མགོན་ཁྲོ་བཅུའི་རྗེས་གནང༌། ཞལ་གྱི་གསང་འཁྲིད་རྗེས་གནང་དང༌། རྩ་གསུམ་འཁོར་ལོ་བཞི་ལ་བརྟེན་པའི་འཁྲིད་ཟབ་མོ་ལོ་ཆེན་གཉན་གྱི་ཐུགས་བཅུད་ཆེས་དཀོན་པ་གསན། བླ་མ་འདིས་སྟན་ཐོག་གཅིག་ཏུ་ཞལ་གྱི་བསྙེན་པ་འབུམ་ཕྲག་དྲུག་ཅུ་ཙམ་སོང་བའི་ནུས་པ་བསམ་གྱིས་མི་ཁྱབ། གསང་འཁྲིད་བརྒྱུད་འདེབས་སུ། སྐྱེས་མཆོག་ཆོས་རྗེའི་སྲས་ཀྱི་ཐུ་བོ་པ། །ཞིང་སྐྱོང་བྲན་དུ་འཁོལ་བའི་རྡོ་རྗེ་འཛིན། །རྩ་བའི་བླ་མ་དྲིན་ཅན་མདོ་ཁམས་པ། །ཞེས་བྱུང་ལ། རྟག་བརྟན་སྤྲུལ་སྐུས་འཁྲིད་བརྫུས་མ་ཡིན་ཞེས་སྨྲ་བ་ནི་སྤྲང་པོས་ཐང་སྟོན་པར་འཕྱ་བའི་དཔེར་སྣང༌། ཤམྦྷར་