R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 57b
[B:57b] མངའ་ལ་གཞོལ་བར་བཞུགས་ཤིང་། དེའི་སྟེང་ན་རྨང་དགེ་བ་བཅུའི་སྟེགས་བུ་ལ་གནས་པའི་བང་རིམ་དང་པོ་དྲན་པ་ཉེ་བར་གཞག་པ་བཞིའི་ངོ་བོ་དེའི་ཕྱོགས་བཞིའི་བབ་ལེའི་ཁྱིམ་གྱི་དབུས་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཉེས་པས་རྣམ་པར་མི་བསྐྱོད་པ་རྡོ་རྗེ་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། ཚོགས་གཉིས་ཀྱི་རྒྱ་མཚོ་ཆེན་པོ་ལས་སྐུ་གསུང་ཐུགས་མི་ཟད་པའི་རིན་པོ་ཆེ་མངོན་པར་འབྱུང་བས་རེ་བ་བསྐོང་བའི་རིན་ཆེན་འབྱུང་གནས་དང་། ཐོག་མ་དང་མཐའ་མ་མེད་པར་འཆི་བ་མེད་པའི་གོ་འཕང་བརྙེས་པ་ཚེ་དཔག་མེད་དང་། སྐུ་གསུམ་གྱི་གོ་འཕང་བླ་ན་མེད་པ་མངོན་དུ་གྱུར་ནས་རང་དང་གཞན་གྱི་དོན་ཡོད་དོ་ཅོག་གྲུབ་པ་སྟེ་དེ་བཞིན་གཤེགས་པ་བཞིའི་ས་བོན། དེ་དག་གི་གཡས་གཡོན་དུ། གདོད་མ་ནས་རྣམ་པར་དཀར་[A:192]བའི་ཡེ་ཤེས་ཀྱི་ལང་ཚོ་རྒྱས་ཤིང་། བདེ་ཆེན་བདུད་རྩིའི་འོད་དཀར་འཕྲོ་བའི་ཟླ་བས་གང་བའི་རྣལ་འབྱོར་པའི་ལྷུང་བཟེད་འཛིན་པ་གཽ་རི་དང་། མཚན་མ་དང་རྣམ་པར་རྟོག་པའི་བདོག་པ་མ་ལུས་པ་འཕྲོག་པའི་ལས་ལ་དགྱེས་ཤིང་། རང་བྱུང་གི་མེ་ཏོག་སར་པའི་བཅུད་ཀྱིས་གང་བའི་ཀཱ་པཱ་ལི་ཐོགས་པ་ཙཽ་རཱི་དང་། ཤིན་ཏུ་མི་སྡུག་པའི་ལང་ཚོན་ཅན་དུར་ཁྲོད་ཀྱི་མ་མོའི་རོ་གཅེར་བུར་ལངས་པའི་གར་ཅན། གྲུབ་པའི་བཅུད་གསེར་གྱི་མདངས་འཕྲོག་པ་གཅི་བས་གང་བའི་སྣོད་འཛིན་པ་རོ་ལངས་མ་དང་། བདུད་དང་མ་རུངས་པ་ཐམས་ཅད་ཡེ་ཤེས་གཅིག་གི་རོལ་པས་ཟ་བར་ཕོད་པ་གྷསྨ་རཱི་རྣམ་པར་སྣང་མཛད་མཆོག་གི་གང་བའི་གཤོལ་འཛིན་པ་དང་། ཤིན་ཏུ་ཆགས་པའི་ཉམས་ཅན་འགྲོ་བ་མཆོག་གི་ཤ་རྡོ་རྗེས་གང་བའི་ཕོར་པ་འཛིན་པ་པུ་ཀཱ་སཱི་དང་། ཕུན་སུམ་ཚོགས་པའི་ལང་ཚོའི་དཔལ་རྒྱས་ཤིང་ཆགས་སྲེད་ཕལ་པའི་གྲོང་ལས་རིང་དུ་སོང་བའི་བས་མཐའ་ལ་སྤྱོད་པ། རྣམ་དྲུག་རོའི་བཅུད་ཀྱིས་གཏམས་པའི་ཐོད་པའི་ལག་ཅན་ཤ་བ་རི་དང་། རྨི་ལམ་གྱི་ལུས་ལ་སྒྱུ་མའི་ཚོན་གྱིས་བྱུགས་པའི་ལང་ཚོ་ཅན། གཙང་སྨེ་རིང་དུ་སོང་བས་གདོལ་པ་དང་མཉམ་[A:193]པར་སྤྱོད་པ་སྒྲ་སྙན་ལྟ་བུའི་ཅང་ཏེའུ་བརྡུང་བ་གདོལ་པ་མོ་དང་། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་རྗེས་སུ་ཆགས་