R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 37a
[B:37a]འཕྲུལ་ཆེན་མོ་གཉིས་ཆུ་སྐྱེས་ཀྱི་སྡོང་པོ་གྱེན་དུ་ཆེར་འཕགས་[A:116]པའི་སྟེང་ཟླ་བའི་གདན་ལ་རྒྱལ་པོ་རོལ་པའི་བཞུགས་སྟངས་དང་། ཕྱེད་ཀྲུང་གི་ཚུལ་གྱི་འོས་སུ་གྱུར་པའི་རྒྱན་སྣ་ཚོགས་དང་། ན་བཟའ་ལྷབ་ལྷུབ་ཀྱིས་ཀླུབས་ཏེ་ཞི་བའི་འཛུམ་མདངས་དང་བཅས་ཏེ་བཞུགས་པའོ། ། དེ་ནས་རི་མོར་བཞུགས་པའི་བཀོད་པ་ལ། ཐུབ་པ་ཆེན་པོའི་སྙན་གྱི་གཡས་གཡོན་གྱི་ཤར་ཕྱོགས་ཀྱི་ལོགས་ལ་དེ་བཞིན་གཤེགས་པ་མར་མེ་མཛད་དང་། རྒྱལ་ཚབ་བྱམས་པ་མགོན་པོ་སྟེ་གཙོ་བོ་ཉིད་དང་དུས་གསུམ་གྱི་སངས་རྒྱས་དང་། གཡས་ཕྱོགས་ཀྱི་ངོས་ལ་རིམ་པ་བཞིན། རྣམ་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་རྣམས། གཡོན་ཕྱོགས་ཀྱི་ངོས་ལ་རིམ་པ་བཞིན། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུངས་རྣམས་ཏེ་ཡང་གཙོ་བོ་ཉིད་དང་བཅས་ཏེ་སངས་རྒྱས་རབས་བདུན་ནོ། ། མདུན་ཕྱོགས་ཀྱི་གཡས་ངོས་ལ་སྨན་གྱི་བླ་དང་། གཡོན་ངོས་ལ་འོད་དཔག་མེད་རྣམས་སོ། ། དེ་ལྟར་དྲི་གཙང་ཁང་གི་ངོ་མཚར་བའི་རྟེན་ཕུན་སུམ་ཚོགས་པའི་དྲུང་ན། གསེར་དངུལ། གོས་དར་ལ་སོགས་པའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེའོ། ། དེའི་སྟེང་བར་ཐོག་རྡོར་དབྱིངས་ལྷ་ཁང་ཀ་ཆེན་བཞི་འཕྲུལ་ཀ་བཞི་དང་[A:117]བཅས་ཏེ་བརྒྱད་ཀྱི་ཕུབ་པའི་གཞལ་མེད་ཁང་ན། རྣལ་འབྱོར་གྱི་རྒྱུད་དེ་ཉིད་འདུས་པ་ནས་གསུངས་པའི་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་བཞུགས་པ་ལས། རྩ་བའི་ལྷ་རྣམས་འབུར་དོད་དུ་བཞུགས་པའི་དབུས་སུ་སེང་གེས་བཏེགས་པའི་ཁྲི་པད་ཟླའི་གདན། རྒྱབ་ཡོལ་རྣམ་གྲངས་ཁྱད་པར་བ་དང་། ཟུར་གྱི་ཀ་ཧྲིལ་བཞི་ལ་འབྲུག་རིགས་མི་གཅིག་པ་རྣམས་འཁྲིལ་ཏེ་ནོར་བུ་ལ་བསྙེག་པ་སོགས་བཀོད་རིས་ཕུན་སུམ་ཚོགས་པ་དང་བཅས་པ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་ཆེས་མཐོ་བ་དང་། དེའི་ཁྲིའི་ཟུར་བཞིར་གསང་བའི་ཡུམ་བཞི་ལ་སེམས་མ་རྡོ་རྗེ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། རྡོ་རྗེ་ཆོས་མ་དང་། ལས་ཀྱི་རྡོ་རྗེ་མ་རྣམས། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེ་སྟེ་ཕྱག་མཚན་གྱི་དབྱིབས་སུ་གདན་གྱི་ཁྱད་པར་དང་བཅས་ཏེ་བཞུགས་སོ། ། གཙོ་བོའི་གཡས་ཟུར་ཀ་བའི་གདོང་ན་གླང་པོ་ཆེའི་ཁྲི་ལ་ཤར་ཕྱོགས་ཀྱི་བཅོམ་ལྡན་འདས་མི་བསྐྱོད་པ། སྟ་ཟུར་